藏文版 2025年西藏自治区中小企业发展专项资金管理办法(2)
ཟུར་ཡིག
བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཆུང་འབྲིང་གོང་འཕེལ་གཏོང་བའི་ཆེད་དམིགས་མ་དངུལ་གྱི་དོ་དམ་བྱ་ཐབས།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཆུང་འབྲིང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས་རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཆུང་འབྲིང་གོང་འཕེལ་གཏོང་བའི་ཆེད་དམིགས་མ་དངུལ(གཤམ་དུ“ཆེད་དམིགས་མ་དངུལ”ཞེས་བསྡུ་རྒྱུ)བེད་སྤྱོད་དང་དོ་དམ་བྱ་ཐབས་ཚད་ལྡན་བཟོས་ཏེ། ནོར་སྲིད་ཀྱི་མ་དངུལ་སྤྱོད་ཕྱོད་ཆེ་རུ་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》དང་། 《ཁེ་ལས་ཆུང་འབྲིང་ལ་སྐུལ་འདེད་གཏོང་རྒྱུའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》 《ཁེ་ལས་ཆུང་འབྲིང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དོན་གཅོད་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དོན་གཅོད་ཐིང་གི་མཛུབ་ཁྲིད་བསམ་འཆར》བཅས་ཀྱི་འབྲེལ་ཡོད་གཏན་འབེབས་དང་བླང་བྱ་གཞིར་བཟུང་། བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། བྱ་ཐབས་འདིའི་ནང་འཁོད་པའི་ཆེད་དམིགས་མ་དངུལ་ཞེས་པ་དེ་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་ནང་བཀོད་སྒྲིག་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཆུང་འབྲིང་གི་ཕྱོགས་སྒྱུར་རིམ་སྤོར་དང་། སྤུས་འབྲས་ལེགས་གཏོང་། འབྱུང་འཕྲོད་གོང་འཕེལ་བཅས་ལ་རྒྱབ་སྐྱོར་བྱེད་པའི་ཐད་གཙོ་གནད་དུ་སྤྱོད་རྒྱུ། ཁེ་ལས་ཀྱིས་ཐོན་ཐང་འཕར་སྣོན་དང་ལས་ཀར་བསྡུ་འཇུག་སོགས་ཀྱི་ཐད་གཙོ་ཤུགས་ཀྱི་ནུས་པ་འདོན་རྒྱུར་གཙོ་གནད་དུ་སྐུལ་འདེད་བཏང་ནས་ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་མ་ལག་དང་མ་དངུལ་བསྡུ་རྒྱུག་གི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པ་སོགས་ལ་རྒྱབ་སྐྱོར་བྱ་རྒྱུ།
དོན་ཚན་གསུམ་པ། ཆེད་དམིགས་མ་དངུལ་དེ་རང་སྐྱོང་ལྗོངས་ཀྱི་ཐོན་ལས་གོང་འཕེལ་གཏོང་བའི་ཆེད་དམིགས་མ་དངུལ་ཁྲོད་ནས་གཏོང་རྒྱུ།
དོན་ཚན་བཞི་པ། ཆེད་དམིགས་མ་དངུལ་བེད་སྤྱོད་དང་དོ་དམ་བྱེད་སྐབས། ཁྲིམས་སྒྲིག་གཞིར་བཟུང་འདྲ་མཉམ་དྲང་བཞག་དང་ལེགས་སྐྱོར་ཆེ་སྐྱོར་གྱི་རྩ་དོན་ལ་གཞིགས་ནས་གཅིག་གྱུར་བཀོད་སྒྲིག་དང་། ཆེད་དངུལ་ཆེད་སྤྱོད། ལྟ་འདོམས་ཤུགས་ཆེ། ལས་རྗེས་ལ་སྣང་ཆེན་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས། སྲིད་གཞུང་གིས་ཁྲིད་སྟོན་དང་། སྤྱི་ཚོགས་ཐེ་ཞུགས། ཁྲོམ་ར་ཅན་གྱི་འཁོར་སྐྱོད་བཅས་བྱས་ཏེ་མ་དངུལ་ཚད་ལྡན་དང་། སྐྱོན་བྲལ། ཕྱོད་ཆེ་བཅས་ཀྱི་སྒོ་ནས་སྤྱོད་ཐུབ་པ་བྱ་རྒྱུ།
དོན་ཚན་ལྔ་པ། ཆེད་དམིགས་མ་དངུལ་བེད་སྤྱོད་བྱ་རྒྱུ་དང་རྣམ་གྲངས་ལ་དོ་དམ་བྱ་རྒྱུའི་ཐད་རིམ་དབྱེ་འགན་འཁུར་དང་གཏོགས་ཁོངས་དོ་དམ་བྱ་རྒྱུ། ས་གནས(གྲོང་ཁྱེར)དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུད་ཀྱིས་གཏོགས་ཁོངས་དེ་གའི་ཁེ་ལས་ཀྱི་རེ་ཞུའི་རྣམ་གྲངས་ལ་སྒྲིག་མཐུན་རང་བཞིན་གྱི་ཞིབ་བཤེར་དང་འོས་སྦྱོར་བྱེད་འགན་འཁུར་རྒྱུ་མ་ཟད། རྣམ་གྲངས་ཀྱི་མ་དངུལ་སྤྱོད་ཚུལ་ལ་རྗེས་བསྙེགས་བྱེད་པའི་ཐོག་རྣམ་གྲངས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྦྲགས་ལས་རྗེས་རང་དཔྱད་བྱེད་དུ་འཇུག་རྒྱུ། རྣམ་གྲངས་ཀྱི་མ་དངུལ་སྤྱོད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་དང་ལས་རྗེས་རང་དཔྱད་སྙན་ཞུར་ཞིབ་དཔྱད་བྱ་རྒྱུ།
རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་མཉམ་དུ་ཆེད་དམིགས་མ་དངུལ་གྱི་ལོ་འཁོར་རྒྱབ་སྐྱོར་བྱེད་ཕྱོགས་དང་གཙོ་གནད་གཏན་འཁེལ་བྱ་རྒྱུ། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ཆེད་དམིགས་མ་དངུལ་གྱི་རྣམ་གྲངས་མཛོད་འཛུགས་རྒྱུའི་ཐད་འགན་བཞེས་སྣེ་ཁྲིད་བྱས་ཐོག རྣམ་གྲངས་རེ་ཞུ་དང་དཔྱད་ཞིབ་བྱེད་དུ་བཅུག་སྟེ་མ་དངུལ་བགོ་བཤའ་རྒྱག་པའི་ཇུས་གཞི་འདོན་དགོས་པ་མ་ཟད། རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱས་ནས་ལྗོངས་ཡོངས་རྣམ་གྲངས་ཀྱི་ལས་རྗེས་ལ་དཔྱད་གདེང་བྱེད་དུ་འཇུག་རྒྱུ། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཆེད་དམིགས་མ་དངུལ་ལ་སྔོན་རྩིས་དོ་དམ་དང་ལྟ་སྐུལ་བྱེད་འགན་འཁུར་རྒྱུ་མ་ཟད། ལས་རྗེས་དོ་དམ་ལ་མཛུབ་ཁྲིད་ཀྱང་བྱ་རྒྱུ།
ལེའུ་གཉིས་པ། རྒྱབ་སྐྱོར་བྱ་ཡུལ་དང་། ནང་དོན།
བྱེད་སྟངས་བཅས་ཀྱི་སྐོར།
དོན་ཚན་དྲུག་པ། བྱ་ཐབས་འདིའི་རྒྱབ་སྐྱོར་བྱ་ཡུལ་ཞེས་པའི་ཁོངས་སུ་གཤམ་གསལ་རིགས་གྲས་ཚུད་པ་སྟེ།
(གཅིག) བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་ནང་ཚོང་དོན་ཐོ་འགོད(བོད་མཚོ་བཟོ་ལས་སྡེ་གླིང་ཚུད)བྱས་ཤིང་། རྒྱལ་ཁབ་ཀྱི་ཁེ་ལས་ཆུང་འབྲིང་གི་རིགས་དབྱེ་དང་ཚད་གཞིའི་གཏན་འབེབས་དང་མཐུན་པའི་ཁེ་ལས་ཆུང་འབྲིང་(ས་ཁང་ཐོན་ཁུངས་ཁེ་ལས་དང་དངུལ་རྩའི་ཁེ་ལས་ཕུད) དེའི་ནང་གཙོ་བོ་འདི་དག་ཚུད་པ་གཤམ་གསལ།
1. ལས་ཀར་བསྡུ་འཇུག་དང་། ཐོན་འཚོང་བྱེད་ཚད། ལས་གཉེར་ཡོང་འབབ་བཅས་འཕར་སྣོན་མངོན་གསལ་དོད་པོ་བྱུང་བ་དང་། ནུས་བསྲི་ཐཱན་ཉུང་དང་གཙང་དག་ཐོན་སྐྱེད་སོགས་ཀྱི་ཐད་ནུས་པ་མངོན་ཆེ་ཐོན་པའི་ཁེ་ལས་དང་།
2. གཞི་ཁྱོན་(བཅད་གྲངས)ཡན་ཁེ་ལས་ཀྱི་ཁོངས་སུ་ཚུད་ཙམ་ཡིན་པ་མ་ཟད། ལས་ཀར་བསྡུ་འཇུག་བྱེད་ཚད་འཕར་ནས་ཐོན་འབོར་རམ་ཡང་ན་ལས་གཉེར་ཡོང་འབབ་འཕར་ཚད་15%དང་དེ་ཡན་ཟིན་པའི་ཁེ་ལས།
3. རྒྱལ་ཁབ་བམ་ཡང་ན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ངོས་བཟུང་འོས་ཐོབ་དང་མཚན་སྙན་ཐོབ་པའི་ཁེ་ལས།
(གཉིས) ཁྲོམ་ར་ལྟ་སྡོམ་སྡེ་ཚན་དང་དམངས་སྲིད་སྡེ་ཚན་ནམ་ཡང་ན་ལས་རིགས་དོ་དམ་སྡེ་ཚན་དུ་ཁྲིམས་བཞིན་ཐོ་འགོད་བྱས་ཤིང་། དགོས་ངེས་ཀྱི་སྒྲིག་བཀོད་དང་། མི་སྣ། ཆེད་ལས་རྩལ་ནུས་བཅས་ལྡན་པ་མ་ཟད། ཁེ་ལས་ཆུང་འབྲིང་ལ་ཆེད་ལས་ཞབས་ཞུ་སྒྲུབ་མཁན་མཚམས་སྦྱོར་ལས་ཁུངས་དང་ཚན་ཞིབ་ལས་ཁུངས།
དོན་ཚན་བདུན་པ། ཁེ་ལས་ཆུང་འབྲིང་གོང་འཕེལ་གཏོང་བའི་ཆེད་དམིགས་མ་དངུལ་སྤྱོད་ཕྱོགས་གཙོ་བོ་འདི་ལྟ་སྟེ།
(གཅིག) ཁེ་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་འབྲས་ལེགས་གཏོང་ལ་རྒྱབ་སྐྱོར་བྱེད་པ། དེའང་གཞི་ཁྱོན་ཡན་བཟོ་ལས་ཁེ་ལས་ཀྱིས་གྲུབ་ཆ་ལེགས་སྒྲིག་དང་། འཕར་སྣོན་བརྟན་པོ། ལས་ཞུགས་ལ་སྐུལ་འདེད་བཅས་བྱ་རྒྱུའི་ཐད་གཙོ་གནད་དུ་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་ཀྱིས་གསར་སྐྲུན་དང་། བསྐྱར་བཟོ་རྒྱས་སྐྲུན། ལག་རྩལ་བསྒྱུར་བཀོད་བཅས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཁེ་ལས་ཀྱིས་བོད་དུ་ཚད་ལྡན་བཟོ་ཁང་ཉོ་སྒྲུབ་དང་བོགས་གཏོང་(ཐོན་སྐྱེད་དང་། ལས་སྣོན། བཟོ་སྐྲུན་བཅས་ལ་སྤྱོད་རྒྱུ)བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཞབས་ཞུ་རྣམ་པའི་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་བྱས་ནས་མི་སྔར་བས་མང་བ་ལས་ཞུགས་ཐུབ་རྒྱུ་སོགས་ལ་རྒྱབ་སྐྱོར་བྱེད་པ་བཅས་དང་།
(གཉིས) ཁེ་ལས་འབྱུང་འཕྲོད་གོང་འཕེལ་དང་གསར་གཏོད་གོང་འཕེལ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་པ། བཟོ་ལས་ཁེ་ལས་འབྱུང་འཕྲོད་གོང་འཕེལ་དང་ཁེ་ལས་ཆུང་འབྲིང་“ཆེད་ལེགས་ཁྱད་གསར”དུ་གོང་འཕེལ་ཡོང་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་བྱེད་པ། ཁེ་ལས་ཆུང་འབྲིང་གི་གསར་གཏོད་ནུས་པ་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ལས་གཏོད་ཁོར་ཡུག་ལེགས་སྒྱུར་གསར་བཟོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཁེ་ལས་གྲངས་འཛིན་ཅན་དུ་ཕྱོགས་སྒྱུར་དང་། ཅན་གཉིས་མཉམ་འདྲེས། ལག་རྩལ་འགག་སྒྲོལ། བཟོ་ལས་ཇུས་འགོད། གྲགས་རྟགས་སྐྱོང་སྤེལ། ཁྲོམ་རར་ཁྱབ་གདལ། ཚད་གཞི་བཟོ་འབེབས་སོགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ།
(གསུམ) ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་མ་ལག་དང་མ་དངུལ་བསྡུ་རྒྱུག་གི་ཞབས་ཞུའི་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ། དེའང་ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ལེགས་སུ་བཏང་སྟེ་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ཐོག་ནས་ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་གཉེར་བ་མ་ཟད་ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུ་བསྒྲུབས་ཏེ། ཁེ་ལས་ཆུང་འབྲིང་ལ་ཆ་འཕྲིན་འདྲི་རྩད་དང་། ལས་གཏོད་ཟུར་ཁྲིད། ཤེས་རིག་བདག་དབང་། ནོར་རྩིས་ཁྲལ་དོན། བཅའ་ཁྲིམས་བློ་འདྲི། ཁྲོམ་ར་རྒྱ་སྐྱེད། མི་ཤུགས་ཐོན་ཁུངས། ཁེ་ལས་ཀྱི་ལས་གཉེར་དོ་དམ་བྱེད་ནུས་གསོ་སྦྱོང་སོགས་ཀྱི་ཆེད་ལས་ཞབས་ཞུ་ཐོབ་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་ཆུང་འབྲིང་གིས་མ་དངུལ་བསྡུ་རྒྱུག་གི་ཁག་ཐེག་ལས་ཁུངས་བརྒྱུད་དེ་དངུལ་ཁང་ནས་དངུལ་བུན་གཡར་རྒྱུར་རྒྱབ་སྐྱོར་བྱེད་པ། མ་དངུལ་བསྡུ་རྒྱུག་ཁག་ཐེག་ལས་ཁུངས་ཀྱིས་ཁེ་ལས་ཆུང་འབྲིང་གི་ཁག་ཐེག་ལས་སྒོ་རྒྱ་སྐྱེད་གཏོང་རྒྱུར་སྐུལ་མ་གཏོང་བ།
(བཞི) ཁེ་ལས་ཆུང་འབྲིང་གི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་ལས་དོན་གཞན་དག་བཅས་སོ།
དོན་ཚན་བརྒྱད་པ། ཆེད་དམིགས་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཐབས།
(གཅིག) ཁ་གསབ་ཚབ་ཏུ་བྱ་དགའ་སྤྲོད་པ། ཁེ་ལས་ཀྱི་རང་གྲབས་མ་དངུལ་(སྲིད་གཞུང་གི་མ་འཇོག་ཚུད་མེད)(བོད་མཚོ་བཟོ་ལས་སྡེ་གླིང་ཚུད)སྤྱད་དེ་བོད་དུ་གསར་སྐྲུན་དང་། བསྐྱར་བཟོ་རྒྱས་སྐྲུན། ལག་རྩལ་སྒྱུར་བཀོད་བཅས་བྱས་པའི་རྣམ་གྲངས་ཡིན་ཕྱིན། ཁེ་ལས་ཀྱིས་ངེས་པར་དུ་རྣམ་གྲངས་ལག་བསྟར་མ་བྱས་གོང་ས་གནས་དེ་གའི་ལས་རིགས་གཙོ་འགན་སྡེ་ཚན་དང་དཔལ་འབྱོར་དང་ཆ་འཕྲིན་ཅན་སྡེ་ཚན་ལ་རེ་འདུན་ཞུས་ནས་གཏན་འཁེལ་བྱེད་དགོས་པ་དང་། རྣམ་གྲངས་ལེགས་གྲུབ་བྱུང་ནས་ཞིབ་དཔྱད་རྩིས་ལེན་གྱིས་ཚད་གཞི་ལོན་རྗེས་ཁེ་ལས་ཀྱི་མ་འཇོག་བྱེད་རྒྱ་གཞིར་བཟུང་ཐེངས་གཅིག་མའི་བྱ་དགའ་སྤྲོད་རྒྱུ་དང་བྱ་དགའ་མཐོ་ཤོས་སྒོར་ཁྲི་500ལས་བརྒལ་མི་ཆོག
ཁེ་ལས་ཀྱིས་རང་གྲབས་མ་དངུལ(སྲིད་གཞུང་གི་མ་འཇོག་ཚུད་མེད)(བོད་མཚོ་བཟོ་ལས་སྡེ་གླིང་ཚུད)སྤྱད་དེ་བོད་དུ་ཚད་ལྡན་བཟོ་ཁང་ཉོ་སྒྲུབ་བམ་ཡང་ན་བོགས་གཏོང་(ཐོན་སྐྱེད་དང་། ལས་སྣོན། བཟོ་སྐྲུན་བཅས་ལ་སྤྱོད་རྒྱུ)བྱས་པར་སྒོར་ཁྲི་50(ཚུད)ཡན་ཟིན་ཕྱིན། ཁེ་ལས་ཀྱིས་དངོས་སུ་གཏོང་སྤྲོད་བྱས་པའི་མ་དངུལ་གྱི་10%གཞིར་བཟུང་ཐེངས་གཅིག་མའི་རོགས་སྐྱོར་མ་དངུལ་སྤྲོད་རྒྱུ་དང་མཐོ་ཤོས་སྒོར་ཁྲི་100ལས་བརྒལ་མི་ཆོག
ལས་ཀར་བསྡུ་འཇུག་བྱེད་རྒྱ་ཅུང་ཆེ་ལ་ཐོན་ཚོང་བྱེད་ཚད་འཕར་སྣོན་མངོན་ཆེ་བྱུང་ནས་15%དང་དེ་ཡན་ཟིན་པའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་སོགས་ལ་ཐེངས་གཅིག་མའི་བྱ་དགའ་སྤྲོད་རྒྱུ་དང་བྱ་དགའ་མཐོ་ཤོས་སྒོར་ཁྲི་350ལས་བརྒལ་མི་ཆོག
ཚད་གཞི་སྤར་ནས་བསྡོམས་རྩིས་ཁོངས་སུ་བཅུག་པ་དང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ངོས་བཟུང་འོས་ཐོབ་དང་མཚན་སྙན་ཐོབ་པའི་ཁེ་ལས་ལ་ཐེངས་གཅིག་མའི་བྱ་དགའ་སྤྲོད་རྒྱུ་དང་། བྱ་དགའ་མཐོ་ཤོས་སྒོར་ཁྲི་100ལས་བརྒལ་མི་ཆོག
(གཉིས) ས་གནས་དེ་གའི་ཐོན་ཁུངས་ཀྱི་ལས་སྣོན་ཁྱད་ལྡན་ཐོན་རྫས་བོད་ནས་དབོར་འདྲེན་བྱས་པར་བདལ་གླའི་ཁ་གསབ་སྤྲོད་རྒྱུ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་དང་། མི་རིགས་ལག་ཤེས་ལས་རིགས། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་སྐྱེད་རིགས། རང་བྱུང་འཐུང་ཆུའི་རིགས་བཅས་ཀྱི་ཐོན་རྫས་མཁའ་འགྲུལ་དང་། ལྕགས་ལམ། རླངས་འཁོར་བཅས་ལ་བརྟེན་ཏེ་བོད་ནས་དབོར་འདྲེན་བྱས་པའི་བདལ་གླ་སྒོར་ཁྲི་50(ཚུད)ཡན་ཟིན་ཕྱིན། ལྗོངས་ཕྱིར་བཙོང་འབོར་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་40%མན་གྱི་ཁ་གསབ་སྤྲོད་རྒྱུ་དང་མཐོ་ཤོས་སྒོར་ཁྲི་1000ལས་བརྒལ་མི་ཆོག
(གསུམ) དངུལ་བུན་གྱི་སྐྱེད་གསབ་སྤྲོད་པ། ཕྱོགས་སྒྱུར་རིམ་སྤོར་དང་། འབྱུང་འཕྲོད་གོང་འཕེལ། སྤུས་འབྲས་ལེགས་གཏོང་སོགས་བྱ་རྒྱུའི་ཐད་སྤྱོད་པའི་རྣམ་གྲངས་ཁྲོད་ཀྱི་གཏན་འཇགས་རྒྱུ་ནོར་དང་། རྒྱུན་སྐོར་མ་དངུལ། ལག་རྩལ་སྒྱུར་བཀོད་སོགས་ལ་གཙོ་བོ་སྤྱོད་རྒྱུའི་དངུལ་བུན་གྱི་སྐྱེད་གསབ་སྤྲོད་པ་དང་། དངུལ་བུན་གཏོང་ཚད་དེ་རྣམ་གྲངས་ལ་དངོས་སུ་བཏང་བའི་མ་རྩ་ལས་མི་བརྒལ་བ། སྐྱེད་གསབ་སྤྲོད་ཚད་དེ་ཁེ་ལས་ཀྱིས་དངོས་སུ་སྤྲད་པའི་དངུལ་བུན་སྐྱེད་ཀའི་80%གཞིར་བཟུང་ཁ་གསབ་སྤྲོད་རྒྱུ་དང་། སྐྱེད་གསབ་སྤྲོད་ཡུན་ལོ་3ལས་མི་བརྒལ་ཞིང་། ལོ་འཁོར་གྱི་སྐྱེད་གསབ་སྒོར་ཁྲི་100ལས་མི་བརྒལ་བ་བྱ་རྒྱུ། དངུལ་བུན་སྐྱེད་ཁྱད་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱད་ཟིན་པའི་ཁེ་ལས་ཀྱིས་དངུལ་བུན་གྱི་སྐྱེད་གསབ་སྤྲོད་པའི་སྲིད་ཇུས་ལོངས་སུ་སྤྱོད་མི་ཆོག
(བཞི) སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པ། ཞབས་ཞུ་ཉོ་སྒྲུབ་བྱེད་ཐབས་སྤྱད་དེ་ཁེ་ལས་ཆུང་འབྲིང་གི་གཙོ་འགན་སྡེ་ཚན་སོ་སོའི་འགན་འཁྲི་སྒྲུབ་ཁོངས་སུ་གཏོགས་པ་མ་ཟད་ཁྲོམ་ར་ཅན་གྱི་བྱ་ཐབས་སྤྱད་དེ་མཁོ་འདོན་བྱས་ན་འཚམ་པའི་སྤྱི་པའི་ཞབས་ཞུའི་དོན་ཚན་རིགས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཆ་རྐྱེན་འཛོམས་པའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་བྱ་གཞག་ཚན་པའི་ས་ནས་ཁེ་ལས་ཆུང་འབྲིང་གི་གོང་འཕེལ་ལ་མཁོ་བའི་ཞབས་ཞུ་ཉོ་སྒྲུབ་བྱེད་དགོས་པ་དང་། དེར་མཁོ་བའི་མ་དངུལ་དེ་དོན་དངོས་ལ་གཞིགས་ནས་གྲོན་དངུལ་གཏན་འཁེལ་བྱེད་པའི་རྩ་དོན་གཞིར་བཟུང་། ཆེད་དམིགས་མ་དངུལ་ནས་གཅིག་གྱུར་བཀོད་སྒྲིག་བྱ་རྒྱུ་དང་། ཞབས་ཞུ་ཉོ་སྒྲུབ་བྱེད་པར་མཁོ་བའི་མ་དངུལ་དེ་ལོ་གོང་མར་གཤམ་སྤྲོད་བྱས་པའི་ཆེད་དམིགས་མ་དངུལ་སྔོན་རྩིས་ཀྱི་3%ལས་བརྒལ་མི་ཆོག
གོང་གསལ་རྣམ་གྲངས་ཞུ་བའི་ཆ་རྐྱེན་དང་བྱ་དགའི་ཚད་གཞི་དེ་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ལོ་འཁོར་རེ་ཞུའི་ཞིབ་སྲོལ(ཕྱོགས་སྟོན)ནང་སྔར་བས་ཁ་གསལ་བཟོས་ཐོག ལོ་ལྟར་བླང་བྱ་གཞིར་བཟུང་ཞིབ་འཇུག་བྱས་ནས་པར་འགྲེམས་བྱ་རྒྱུ་མ་ཟད། རང་སྐྱོང་ལྗོངས་ནོར་སྲིད་ཐིང་ལ་སྙན་དཔོད་ཞུ་རྒྱུ།
དོན་ཚན་དགུ་པ། ལོ་དེ་ག་དང་རྣམ་གྲངས་གཅིག་པར་རྒྱབ་སྐྱོར་བྱེད་ཐབས་གཅིག་ལས་ཞུ་མི་ཆོག་པ་དང་། ཁེ་ལས་ཀྱིས་ལོ་རེར་རོགས་སྐྱོར་རྣམ་གྲངས་2ལས་ཞུ་མི་ཆོག་པ། ཁེ་ལས་དེ་རང་ཡིན་ཕྱིན་རྩ་དོན་ཐོག་རོགས་སྐྱོར་བྱེད་ཡུན་ལོ་གསུམ་ལས་བརྒལ་མི་ཆོག་པ། ཐབས་ལམ་གཞན་དག་སྤྱད་དེ་ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པའི་རྣམ་གྲངས་ལ་བསྐྱར་དུ་རྒྱབ་སྐྱོར་བྱ་རྒྱུ་མིན།
ལེའུ་གསུམ་པ། མ་དངུལ་རེ་ཞུ་དང་། ཞིབ་དཔྱད།
གཏོང་སྤྲོད་བཅས་བྱེད་ཕྱོགས་སྐོར།
དོན་ཚན་བཅུ་པ། ཆེད་དམིགས་མ་དངུལ་རེ་འདུན་ཞུ་སྐབས་ངེས་པར་དུ་གཤམ་གསལ་ཐོབ་ཐང་དང་ཆ་རྐྱེན་འདི་དག་འཛོམས་དགོས་པ་སྟེ།
(གཅིག) ཁེ་ལས་ལ་རང་ཚུགས་ཁྲིམས་ཚན་གྱི་ཐོབ་ཐང་ཡོད་པ་དང་། བོད་དུ་དངོས་གཞིའི་ཐོན་སྐྱེད་གཉེར་སྐྱོང་བྱེད་ཀྱི་ཡོད་པ་མ་ཟད། ལྗོངས་ནང་ཁུལ་དུ་གཙོ་གཉེར་ཐོན་རྫས་ཐོན་སྐྱེད་བྱེད་ཀྱི་ཡོད་པ། ལྗོངས་ནང་ཁུལ་དུ་གཙོ་གཉེར་ལས་སྒོ་སྤེལ་རྒྱ་དེ་ཁེ་ལས་དེའི་ལས་སྒོ་ཡོངས་ཀྱི་20%ཡན་ཟིན་པ་བཅས་ཀྱི་ཁེ་ལས་དང་།
(གཉིས) ཁེ་ལས་ཀྱི་ནོར་དོན་དོ་དམ་ལམ་ལུགས་ཚགས་ཚུད་པོ་ཡོད་པ་དང་། རྩིས་གཉེར་ཆ་འཕྲིན་དེ་སྤུས་ཚད་ཀྱི་བླང་བྱ་དང་མཐུན་པ། དུས་ཐོག་དང་ཡང་དག་པའི་སྒོ་ནས་བསྡོམས་རྩིས་གྲངས་གཞི་བཀོད་པ། ཁྲལ་འཇལ་ཡིད་རྟོན་རུང་ཚད་Bརིམ(ཚུད)ཡན་ཡིན་པ་བཅས།
(གསུམ) བཙུགས་ནས་ལོ་1ཡན་སོང་བ་མ་ཟད། ཐོན་སྐྱེད་གཉེར་སྐྱོང་ངམ་ཡང་ན་ལས་སྒོ་སྤེལ་ཚུལ་ལེགས་པ་དང་། གཉེར་སྐྱོང་སྐྱོན་ཅན་གྱི་མིང་གཞུང་དང་སྒྲིག་ཁྲིམས་ལས་ཚབས་ཆེ་འགལ་ཞིང་ཡིད་རྟོན་ཤོར་བའི་ཁེ་ལས་ཀྱི་མིང་ཐོའི་ནང་ཚུད་མེད་པའི་ཁེ་ལས།
(བཞི) ཉེ་བའི་ལོ་གསུམ་ནང་ཁེ་ལས་དང་ཁྲིམས་ཚན་འཐུས་མིར་རྣམ་གྲངས་གཙོ་འགན་སྡེ་ཚན་དང་། ཁྲོམ་ར་ལྟ་སྡོམ། ཁྲིམས་ཁང་། དཔྱ་ཁྲལ་བཅས་དང་དེ་བཞིན་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་གཞན་དག་བཅས་ཀྱི་ཐག་གཅོད་དང་ཆད་གཅོད་བྱས་ཤུལ་མེད་པ་མ་ཟད། གླ་ཆ་འགྱངས་ཆད་བྱེད་མྱོང་མེད་པ་དང་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་དུས་ཐོག་ཏུ་འཇལ་ཡོད་པ་བཅས་ཀྱི་རྣམ་གྲངས་ཞུ་མཁན་ཁེ་ལས།
(ལྔ) རེ་ཞུའི་རྣམ་གྲངས་དེ་ངེས་པར་དུ་ཆེད་དམིགས་མ་དངུལ་གྱི་ལོ་འཁོར་གཙོ་གནད་རྒྱབ་སྐྱོར་བྱེད་ཕྱོགས་དང་མཐུན་པ།
(དྲུག) རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་དང་། ཁོར་ཡུག་སྲུང་སྐྱོབ། ནུས་འབྲས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བླང་བྱ་དང་མཐུན་པ།
(བདུན) རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས(ཐོ་འགོད་དྲ་རྟགས། http://www.xzsme.cn)ཐོག་དེབ་སྐྱེལ་བྱས་ནས་བེད་སྤྱོད་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཐོག་ཁེ་ལས་ཀྱི་རིགས་གྲས་བཞིན་དུས་ཐོག་དང་ཡང་དག་པའི་སྒོ་ནས་གྲངས་གཞི་བཀོད་པ།
གོང་གསལ་ཐོབ་ཐང་དང་ཆ་རྐྱེན་འཛོམས་ཤིང་། རྒྱལ་ཁབ་རིམ་པའི“མཐོ་གསར་ལག་རྩལ་ཁེ་ལས”དང་“ཚན་རྩལ་རྣམ་པའི་ཁེ་ལས་ཆུང་འབྲིང་”ལ་ངོས་འཛིན་བྱས་པ་དང་། རང་མོས་ངང་རིགས་ཁག་སྡེ་གླིང་གི་གཅིག་སྡུད་གོང་འཕེལ་གཏོང་ཁོངས་སུ་ཞུགས་པའི་ཁེ་ལས་ཡིན་ཕྱིན། ཆ་རྐྱེན་འདྲ་མཉམ་འོག་སྔོན་ལ་རྒྱབ་སྐྱོར་བྱ་རྒྱུ།
དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ལོ་ལྟར་བྱ་ཐབས་འདིའི་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་སྤྱིའི་འཆར་འགོད་དང་། རང་སྐྱོང་ལྗོངས་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་འབྲེལ་ཡོད་འཆར་འགོད། དེ་བཞིན་ཁེ་ལས་ཆུང་འབྲིང་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་སོགས་དང་ཟུང་འབྲེལ་བྱས་ཏེ་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་མཉམ་དུ་ཆེད་དམིགས་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཕྱོགས་དང་གཙོ་གནད་གཏན་འཁེལ་བྱ་རྒྱུ་མ་ཟད། རྣམ་གྲངས་ཞུ་བའི་ཕྱོགས་སྟོན་ཡང་བཟོ་རྒྱུ། ལོ་རེའི་ཟླ་10ཚེས་31ཉིན་གྱི་གོང་དུ་ལོ་དེའི་རྣམ་གྲངས་རེ་ཞུ་དང་དཔྱད་ཞིབ་སོགས་བྱེད་དུ་འཇུག་རྒྱུ་མ་ཟད། མ་དངུལ་བགོ་བཤའ་རྒྱག་པའི་འཆར་གཞི་འདོན་དགོས།
དོན་ཚན་བཅུ་གཉིས་པ། མ་དངུལ་རེ་ཞུ་དང་ཞིབ་མཆན་འགོད་པའི་ལས་རིམ་འདི་ལྟ་སྟེ།
(གཅིག) རྣམ་གྲངས་ཞུ་མཁན་ཚན་པས་ལོ་འཁོར་རེ་ཞུའི་ཕྱོགས་སྟོན་ལ་ནན་པོར་གཞིགས་ཏེ། རྣམ་གྲངས་རེ་ཞུའི་དཔྱད་ཡིག་བཟོ་སྒྲིག་ནན་ཏན་བྱེད་པ་དང་། གཏོགས་ཁོངས་དོ་དམ་གྱི་རྩ་དོན་གཞིར་བཟུང་ཁོངས་གཏོགས་རྫོང་(ཆུད་དང་གྲོང་ཁྱེར)དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་འགན་ནུས་སྡེ་ཚན་ལ་རེ་འདུན་ཞུ་དགོས་པ་མ་ཟད། རེ་ཞུའི་དཔྱད་ཡིག་བདེན་པ་བདེན་ཐུབ་དང་། ཆད་ལུས་མེད་པ། ཁྲིམས་དང་མཐུན་པ་བཅས་ཡིན་མིན་ཐད་ཤན་འབྱེད་བྱེད་འགན་འཁུར་དགོས།
(གཉིས) རྫོང་(ཆུད་དང་གྲོང་ཁྱེར)དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་འགན་ནུས་སྡེ་ཚན་གྱིས་རེ་ཞུའི་དཔྱད་ཡིག་ལ་ཐོག་མའི་ཞིབ་བཤེར་བྱ་རྒྱུ་མ་ཟད། འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཉམ་དུ་རེ་ཞུའི་རྣམ་གྲངས་ལ་ནོར་སྲིད་ཀྱི་རོགས་སྐྱོར་མ་དངུལ་རག་ཡོད་མེད་ཞིབ་དཔྱད་བྱ་རྒྱུ། འོས་སྦྱོར་བྱ་རྒྱུར་མོས་མཐུན་བྱས་པའི་རེ་ཞུའི་རྣམ་གྲངས་དང་དེའི་ཞིབ་དཔྱད་བསམ་འཆར་དེ་ས་གནས(གྲོང་ཁྱེར)དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུད་ལ་དུས་མཚུངས་སུ་འབུལ་རྒྱུ།
(གསུམ) རྫོང་(ཆུད་དང་གྲོང་ཁྱེར)དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་འགན་ནུས་སྡེ་ཚན་གྱིས་འོས་སྦྱོར་བྱས་པའི་རེ་ཞུའི་རྣམ་གྲངས་ལ་ས་གནས(གྲོང་ཁྱེར)དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུད་ཀྱིས་ལུགས་མཐུན་ཞིབ་བཤེར(གཙོ་གནད་རྣམ་གྲངས་ལ་ས་ཡུལ་དངོས་ཀྱི་ཞིབ་དཔྱད)བྱེད་དགོས། ཆ་རྐྱེན་འཛོམས་པའི་རྣམ་གྲངས་ཡིན་ཕྱིན། ཁེ་ལས་ཀྱི་རེ་ཞུའི་དཔྱད་ཡིག་ནང་ཞིབ་བཤེར་བསམ་འཆར་འབྲི་དགོས་པ་མ་ཟད། གཞུང་ཐམ་ཡང་རྒྱག་དགོས། ཞིབ་བཤེར་བསམ་འཆར་བྲིས་མེད་པ་དང་གཞུང་ཐམ་བརྒྱབ་མེད་པའི་རྣམ་གྲངས་དེ་དག“འོས་སྦྱོར་རྩིས་འགྲོ་མེད་པར”བརྩི་རྒྱུ། ཕྱོགས་བསྡུས་ཀྱིས་ཡིག་ཐོག་ནས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་ལ་འོས་སྦྱོར་བྱེད་དགོས་ཤིང་། འོས་སྦྱོར་རྣམ་གྲངས་ལ་གཙོ་འགན་འཁུར་དགོས།
(བཞི) རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ལྗོངས་ཐད་གཏོགས་ལས་རིགས་ཀྱི་གཙོ་འགན་སྡེ་ཚན་དང་ཕྱོགས་གསུམ་པའི་ལས་ཁུངས་དང་མཉམ་དུ་ས་གནས(གྲོང་ཁྱེར)ཁག་གི་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུད་ཀྱི་འོས་སྦྱོར་རྣམ་གྲངས་བདེན་པ་བདེན་ཐུབ་དང་། ཆད་ལུས་མེད་པ། ཁྲིམས་དང་མཐུན་པ་བཅས་ཡིན་མིན་ཐད་བསྐྱར་ཞིབ་བྱེད་དགོས་པ་མ་ཟད་རིགས་དབྱེ་ཕྱོགས་བསྡུས་ཀྱིས་རྣམ་གྲངས་མཛོད་བཟོ་དགོས། གཙོ་གནད་རེ་ཞུའི་རྣམ་གྲངས་ཡིན་ཕྱིན། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ཕྱོགས་གསུམ་པ་མངགས་ཏེ་རྒྱུ་ནོར་ཚོད་སྐོར་དང་། ནོར་དོན་རྩིས་བཤེར། ས་ཡུལ་དངོས་ཀྱི་ཞིབ་བཤེར་བཅས་བྱེད་དུ་འཇུག་དགོས། རྣམ་གྲངས་མཛོད་ནང་བཅུག་པའི་རྣམ་གྲངས་ཡིན་ཕྱིན། རིགས་གཅིག་མཁས་པའི་མིང་མཛོད་ནས་རིགས་གཅིག་མཁས་ཅན་བདམས་ཏེ་དཔྱད་ཞིབ་ཚོགས་ཆུང་གྲུབ་ནས་དཔྱད་ཞིབ་བྱེད་དགོས་པ་མ་ཟད། བོད་ལྗོངས་ཉིན་རེའི་ཚགས་པར་དང་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་གཙོ་ཆེའི་དྲ་ཚིགས་ཐོག་ཞིབ་དཔྱད་བྱས་འབྲས་ཡོངས་བསྒྲགས་བྱེད་དགོས་པ་དང་། ཡོངས་བསྒྲགས་བྱེད་ཡུན་ནི་ལས་ཀའི་ཉིན་གྲངས་5ཡིན།
(ལྔ) དཔྱད་ཞིབ་བསམ་འཆར་དང་། ཞིབ་དཔྱད་བྱས་འབྲས། ཡོངས་བསྒྲགས་བྱས་ཚུལ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་དང་མ་དངུལ་བགོ་བཤའ་རྒྱག་པའི་ཇུས་གཞི་བཟོ་དགོས་ཤིང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་མཉམ་འབྲེལ་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞིབ་གཏན་འཁེལ་རྒྱུར་འབུལ་དགོས། ཞིབ་གཏན་འཁེལ་ནས་མོས་མཐུན་བྱུང་རྗེས། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་རྣམ་གྲངས་ཀྱི་རྒྱབ་སྐྱོར་འཆར་གཞི་འགྲེམས་བསྒྲགས་བྱེད་པ་དང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རྣམ་གྲངས་ཀྱི་རྒྱབ་སྐྱོར་འཆར་གཞི་གཞིར་བཟུང་མ་དངུལ་གཤམ་སྤྲོད་བྱེད་དགོས་པ་མ་ཟད་རྒྱལ་མཛོད་ནས་གཅིག་སྡུད་ཐོག་གཏོང་སྤྲོད་དང་དོ་དམ་ནན་པོ་བྱེད་དགོས།
ལེའུ་བཞི་པ། ལས་རྗེས་དོ་དམ་དང་ལྟ་སྐུལ་དོ་དམ་བྱེད་ཕྱོགས་སྐོར།
དོན་ཚན་བཅུ་གསུམ་པ། ལས་རྗེས་དོ་དམ་བྱེད་ཕྱོགས།
(གཅིག) རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་མ་དངུལ་གྱི་ལས་རྗེས་དོ་དམ་ལམ་ལུགས་གཞིར་བཟུང་། མ་དངུལ་གྱི་ལས་རྗེས་དམིགས་ཚད་བཟོས་ནས། ཆེད་དམིགས་མ་དངུལ་གྱི་ལས་རྗེས་དཔྱད་གདེང་བྱེད་དུ་འཇུག་པ་དང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཆེད་དམིགས་མ་དངུལ་གྱི་ལས་རྗེས་དཔྱད་གདེང་བྱས་འབྲས་ལ་ཞིབ་དཔྱད་བྱ་རྒྱུ། ལས་རྗེས་དཔྱད་གདེང་བྱས་འབྲས་དེ་ཆེད་དམིགས་མ་དངུལ་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་ཆེད་དམིགས་མ་དངུལ་བགོ་འགྲེམས་བྱེད་པའི་གལ་ཆེའི་གཞི་འཛིན་སར་བརྩི་རྒྱུ།
(གཉིས) རྣམ་གྲངས་ལག་བསྟར་ཚན་པས“བེད་སྤྱོད་བྱེད་མཁན་དང་རང་དཔྱད་བྱེད་མཁན་གཅིག་ཡིན་པའི”བླང་བྱ་ལྟར་ལས་རྗེས་རང་དཔྱད་ལས་དོན་ཡག་པོ་སྒྲུབ་དགོས། རིམ་ཁག་དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་འགན་ནུས་སྡེ་ཚན་ཁག་གིས་རྣམ་གྲངས་དོ་དམ་དང་ལག་བསྟར་བྱས་ཚུལ་ལ་གཞིགས་ནས་ལས་རྗེས་ཀྱི་དམིགས་ཚད་སྙན་འབུལ་དང་། ལས་རྗེས་ལ་ལྟ་འདོམས། ལས་རྗེས་རང་དཔྱད་སོགས་ཀྱི་ལས་དོན་སྤེལ་དུ་འཇུག་རྒྱུ་མ་ཟད། བླང་བྱ་གཞིར་བཟུང་དཔྱད་གདེང་སྙན་ཞུ་གོང་འབུལ་ཞུ་དགོས། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དང་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་དགོས་མཁོ་གཞིར་བཟུང་ས་གནས་དང་རྣམ་གྲངས་འགའ་བདམས་ནས་གཙོ་གནད་དུ་དཔྱད་གདེང་བྱེད་དགོས། ལས་རྗེས་དཔྱད་གདེང་བྱ་རྒྱུ་དེ་གཏན་ལ་ཕབ་པའི་ལས་རིམ་དང་བླང་བྱ་གཞིར་བཟུང་ལག་བསྟར་བྱེད་དུ་འཇུག་རྒྱུ་དང་། དེ་དཔྱད་གདེང་ལས་དོན་ཚོགས་ཆུང་(རིགས་གཅིག་མཁས་པའི་ཚོགས་ཆུང་)འཛུགས་པའམ་ཡང་ན་ཕྱོགས་གསུམ་པའི་ལས་ཁུངས་ལ་མངགས་བཅོལ་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་སྤེལ་ཆོག
དོན་ཚན་བཅུ་བཞི་པ། ལྟ་སྐུལ་དོ་དམ་བྱེད་ཕྱོགས།
(གཅིག) ཆེད་དམིགས་མ་དངུལ་བེད་སྤྱོད་དང་དོ་དམ་བྱེད་སྐབས་ངེས་པར་དུ་སྒྲིག་བཤེར་ལྟ་ཞིབ་དང་། རྩིས་བཤེར། ནོར་སྲིད་སོགས་སྡེ་ཚན་གྱི་ལྟ་སྐུལ་ཞིབ་བཤེར་རང་འགུལ་ངང་དང་ལེན་ཞུ་དགོས་པ་དང་། འཐེན་སྤྱོད་དང་། བཀག་ཉར། གཞན་སྤྱོད་སོགས་ཀྱི་བྱ་སྤྱོད་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱེད་དགོས།
ས་གནས(གྲོང་ཁྱེར)ཁག་གི་ནོར་སྲིད་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན། ལས་རིགས་གཙོ་འགན་སྡེ་ཚན་བཅས་ཀྱིས་ངེས་པར་དུ་རྣམ་གྲངས་ལག་བསྟར་ཚན་པར་སྐུལ་མ་དང་མཛུབ་ཁྲིད་བྱས་ཏེ་གཏན་འབེབས་དང་བླང་བྱ་གཞིར་བཟུང་ཆེད་དམིགས་མ་དངུལ་བེད་སྤྱོད་བྱས་ནས་མ་དངུལ་སྐྱོན་བྲལ་དང་སྤྱོད་ཕྱོད་ཆེན་པོ་ཡོང་ཐུབ་པ་བྱེད་དགོས་ཤིང་། ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ཡོ་བསྲང་བྱེད་པ་དང་སྦྲགས། གལ་ཆེའི་གནད་དོན་ཡོད་ཕྱིན་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་ལ་སྙན་སེང་ཞུ་དགོས།
(གཉིས) རྣམ་གྲངས་ལག་བསྟར་ཚན་པས་ད་ལྟ་ལག་བསྟར་བྱེད་བཞིན་པའི་འབྲེལ་ཡོད་ནོར་དོན་རྩིས་གཉེར་ལམ་ལུགས་ཀྱི་གཏན་འབེབས་ལྟར་ནོར་དོན་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཏན་ལ་ཕབ་པའི་སྤྱོད་སྒོ་གཞིར་བཟུང་མ་དངུལ་བེད་སྤྱོད་བྱས་ནས་ནོར་སྲིད་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན་སོགས་འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་དང་ཞིབ་བཤེར་རང་རྟོགས་ངང་དང་ལེན་ཞུ་དགོས། མི་བདེན་རྫུན་སྒྲིག་དང་། མ་དངུལ་གཡོ་ལེན། སྒྲིག་ཁྲིམས་དང་འགལ་བ་བཅས་ཀྱི་སྒོ་ནས་ཆེད་དམིགས་མ་དངུལ་བེད་སྤྱོད་བྱས་ཕྱིན་རྣམ་གྲངས་ཞིབ་དཔྱད་སྡེ་ཚན་གྱིས་གཏན་འབེབས་དང་ལས་རིམ་གཞིར་བཟུང་ཆེད་དམིགས་མ་དངུལ་བསྡུ་འགན་འཁུར་རྒྱུ་དང་། འབྲེལ་ཡོད་ཚན་པས་བྱ་དགའི་ཁ་གསབ་མ་དངུལ་སློག་དགོས་པ་མ་ཟད་ལོ་3ནང་ཁ་གསབ་མ་དངུལ་དང་དེ་བཞིན་སྲིད་ཇུས་རང་བཞིན་གྱི་མ་དངུལ་གཞན་དག་ཞུ་གཏན་ནས་མི་ཆོག་པ་མ་ཟད། 《ནོར་སྲིད་ཁྲིམས་འགལ་བྱ་སྤྱོད་ཀྱི་ཁྲིམས་གཅོད་ཆད་གཅོད་སྲོལ་ཡིག》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཡིག་ཨང་427པ)སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་དགོས།
(གསུམ) འབྲེལ་ཡོད་ལས་རིགས་གཙོ་འགན་སྡེ་ཚན་གྱིས་རྣམ་གྲངས་ཚན་པར་ཡིད་རྟོན་དོ་དམ་བྱེད་དགོས་པ་དང་། ཡིད་རྟོན་ཁས་ལེན་དང་ཡིད་རྟོན་ཞིབ་བཤེར་ལམ་ལུགས་ལག་བསྟར་བྱས་ཏེ། ་རྣམ་གྲངས་ཚན་པས་རྣམ་གྲངས་འཛུགས་པ་དང་། ལག་བསྟར། ཞིབ་བཤེར་རྩིས་ལེན། ཚོད་སྐོར་སོགས་བྱེད་པའི་སྐབས་སུ་ཡིད་རྟོན་ཤོར་བའི་གནས་ཚུལ་ཐོན་ཚེ། འབྲེལ་ཡོད་ཡིད་རྟོན་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཐོག་བརྒྱུད་སྐྱེལ་བྱ་རྒྱུ་མ་ཟད། དེའི་ཡིད་རྟོན་ཤོར་ཚད་ལ་གཞིགས་ནས་དོ་དམ་གྱི་ལྷུ་ཚིགས་མི་འདྲ་བར་བབ་མཚུངས་ཀྱི་ཚོད་འཛིན་བྱེད་ཐབས་སྤྱོད་དགོས།
(བཞི) རིམ་ཁག་ནོར་སྲིད་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན། དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་ལས་བྱས་རྣམ་གྲངས་སྙན་འབུལ་དང་། མ་དངུལ་གཤམ་སྤྲོད། རྩིས་ལེན་དཔྱད་ཞིབ་སོགས་ཀྱི་ལས་དོན་སྒྲིག་འཛུགས་བྱེད་སྐབས། གཏན་འབེབས་དང་འགལ་ནས་ཆེད་དམིགས་མ་དངུལ་བགོ་བཤའ་རྒྱག་པའམ་ཡང་ན་བེད་སྤྱོད་བྱེད་པ། དེ་བཞིན་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་སོགས་ཀྱི་ཁྲིམས་སྒྲིག་དང་འགལ་བའི་བྱ་སྤྱོད་ཡོད་ཕྱིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ནོར་སྲིད་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཁྲིམས་གཅོད་ཆད་གཅོད་སྲོལ་ཡིག》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཡིག་ཨང་427པ)སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དེ་མཚུངས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།
ལེའུ་ལྔ་པ། ཞར་བྱུང་།
དོན་ཚན་བཅོ་ལྔ་པ། བྱ་ཐབས་འདི་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་འགྲེལ་བཤད་རྒྱག་འགན་འཁུར་རྒྱུ།
དོན་ཚན་བཅུ་དྲུག་པ། བྱ་ཐབས་འདི་2025ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ། གོ་ཆོད་དུས་ཡུན་ལོ་3ཡིན། 《བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཆུང་འབྲིང་གོང་འཕེལ་གཏོང་བའི་ཆེད་དམིགས་མ་དངུལ་གྱི་དོ་དམ་བྱ་ཐབས(བཟོ་བཅོས་མ་ཟིན)》(བོད་ནོར་འཛུགས〔2022〕ཡིག་ཨང་57པ)དུས་མཚུངས་སུ་རྩིས་མེད་གཏོང་རྒྱུ།